Wednesday, June 15, 2016

ཁྱེད་ནི་བོད་མི་རིགས་ཀྱི་ངོ་བོ་དང་མཚོན་བྱེད་ཡིན།


༄༅།།
འཕགས་པ་མ་ཕམ་ཡང་དག་དམ་པ་ཁྱེད།།
འཇིགས་རྟེན་ཁྱོན་ན་བ་དན་བཞིན་དུ་བསྐྱོད།།
སྙིང་རྗེ་འོ་མཚོ་ཕྱོགས་སུ་གཏམས་པ་ཡིས།།
རྐང་གཉིས་འགྲོ་ལ་ཞི་བདེའི་མར་ལོ་སྤྱིན།།


རྟ་མཆོག་ཁྲོས་པའི་བཀའ་རྩ་བཏབ་པ་ཡི།།
གདོང་དམར་དཔུང་གི་ཁྱིམ་གཞིས་དྲོན་མོ་དེ།།
མི་སྲིན་སྒྱོགས་ཀྱིས་ཡོངས་སུ་གཏོར་ན་ཡང་།།
མཐའ་གཉིས་བྲལ་བ་ཉིད་ནི་རྒྱལ་དར་བཞིན།།

སྐྱེ་དགུའི་བདག་པོ་བོད་མིའི་ངོ་བོ་ཉིད།།
ལྷ་མོ་དོན་འགྲུབ་བསྟན་འཛིན་རྒྱ་མཚོ་ཁྱེད།།
འགྲོ་བའི་དེད་དཔོན་བཅུ་གཅིག་ཞལ་བཟང་སྟེ།།
རྫི་བོ་ལྟ་བུའི་སངས་རྒྱས་མིན་ན་སུ།།

ཆགས་ཐོགས་བླུན་བྲལ་བརྗོད་པའི་ཆོ་འཕྲུལ་སྟོན།།
གང་ལ་གང་མཁོ་དེ་ལ་དེ་སྟོན་པ།།
བཙུན་པ་སྤྱན་རས་གཟིགས་ཀྱི་བྱིན་མཐུ་ཡིས།།
བོད་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཤོག།

No comments:

Post a Comment

ཁྱོད་ཀྱི་བསམ་ཚུལ་གནང་རོགས