Thursday, November 2, 2017

ཕྱིར་དྲན་ཁྲོད་ཀྱི་དགའ་ལྡན་དགོན



ང་ལ་མིང་ཁ་ཤས་ཡོད། སྐྱེས་མ་ཐག་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་བློ་བཟང་ལྷུན་འགྲུབ་ཞེས་སུ་བཏགས། རྗེས་སུ་ན་ནས་གཅོད་པ་དོན་ལྡན་རིན་པོ་ཆེའི་མདུན་དུ་བཅར་སྐབས། ཁོང་ནས་ཁྱེད་རང་ཚོང་པ་བྱེད་དམ་དགེ་བཤེས་བྱེད་གསུངས་བར་ངས་ནས་ང་དགེ་བཤེས་བྱེད་ཀྱི་ཡིན་ཞེས་ཞུས་པས། ཁོང་ནས་འོ་ན་ཁྱེད་ཀྱི་མིང་ལ་བསྟན་པའི་རྒྱལ་མཚན་ཐོགས་གསུངས་བྱུང་། དེ་ནས་བཟུང་སྟེ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚ་བ་ཁམས་ཚན་དུ་གྲྭ་བ་བྱས་པ་ཡིན། གྲྭ་བ་བྱེད་དུས་ལོ་བདུན་རེད། དགོན་པར་ལོ་ལྔ་ཙམ་ནས་བསྡ་པ་རེད། སྐབས་དེ་དུས་ངའི་ཨ་མའི་ཨ་མ་ཡིས་ང་རང་དགོན་པར་ཁྲིད་ནས་འགྲོ་དགོས་ཡོད། མཚན་མོར་དགོན་པ་རུ་བུད་མེད་བསྡད་ཆོག་གི་མེད་པས། ཨ་མ་དགོན་པའི་ཕྱི་ལོགས་སུ་འདུག་གི་ཡོད། སློབ་གཉེར་བྱེད་ས་ལྷ་ས་རེད། དེ་དུས་མིང་ལ་ངག་དབང་གྲགས་པ་བཏགས་གནང་སོང་། རྗེས་སུ་བོད་དུ་ཟིང་འཁྲུག་ལངས་ནས་བོད་ས་ཡོངས་སུ་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་བས་རིམ་པར་སྐྱབས་བཅོལ་དུ་འབྱོར། དེའི་རྗེས་འདི་བ་ནས་ཡེ་ཤེས་ནོར་བུའི་སྐུ་མདུན་དུ་དགེ་སློང་སྒྲུབ་པ་ཡིན། དེ་དུས་ཡེ་ཤེས་ནོར་བུས་བསྟན་འཛིན་འཇམ་དཔལ་ཞེས་སུ་གནང་སོང་། དེང་གི་ལག་ཁྱེར་སོགས་སུའང་བསྟན་འཛིན་འཇམ་དཔལ་ཐེབས་ཡོད་མོད། མི་མང་ཆེ་བས་རྒན་ཆོས་འཛིན་ཟེར། ཁ་ཤས་ཀྱིས་ང་གསེར་སྲང་རིན་པོ་ཆེའི་ཚ་བོ་ཡིན་པ་དང་ཁོང་ངའི་དགེ་རྒན་ཡིན་པའི་རྒྱུ་མཚན་གྱིས་གསེར་སྲང་ཆོས་འཛིན་ཟེར། གྲྭ་བ་ལོ་བདུན་ནས་བྱས་ཏེ་ད་ལྟ་ལོ་བདུན་ཅུ་དོན་བརྒྱད་ཡིན། ཐོག་མར་འགྲོ་སའི་དགོན་པ་དགའ་ལྡན་ཡིན། སྔོན་ཞུས་ལྟར། དེ་དུས་ལོ་བདུན་རེད། སྡོམ་པ་ཞུ་ས་ལྷ་ས་ཡིན།
དགའ་ལྡན་དུ་ལོ་ཉེར་གསུམ་རིང་བསྡད་པ་ཡིན།
དགའ་ལྡན་དགོན་པར་མཇལ་བ་ཙམ་གྱིས་སེམས་ལ་དགའ་བ་སྐྱེས་ཡོང་། དགའ་ལྡན་དགོན་གྱི་
མདུན་རིར་དབངབསྐུར་རི་ཞེས་ཟེར དེ་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བརྒྱ་མ་ཁྲི་ཁངདུ་སྐུ་བལྟམས་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་རི་དེའི་སྟེང་ནས་དབང་བསྐུར་བ་དང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པས་དབང་བསྐུར་རི་ཞེས་པའི་མིང་དེ་ལྟར་ཐོགས། རྒྱབ་རིར་བཙུན་མོ་ལྡིང་རི་ཞེས་ཟེར་དོན་ནི་བཙུན་མོ་ཚལ་གྱི་རྒྱལ་པོའི་བཙུན་མོ་རྣམས་རི་དེར་སྤྲོ་འཆམ་དུ་ཕེབས་པས་རྗེས་སུ་བཙུན་མོ་རི་ཞེས་པའི་མིང་དེ་ལྟར་བྱུང་བ་བཅས་དང་། གཞན་ཡང་དགའ་ལྡན་གསུམ་སྟོང་གསུམ་བརྒྱ་ཞེས་ཟེར་ཡང་དོན་དུ་དགེ་འདུན་ལྔ་སྟོང་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་མདོ་སྔགས་གཉིས་ཀ་ཕྱག་ལེན་མཛད་པ་ཡིན།  དེ་བཞིན་སྤང་རི་དང་། སྤང་ཐང་། སྤང་རྒྱན་མེ་ཏོག་དང་དགའ་ལྡན་མཁན་པ་སོགས་རྩི་ཤིང་མེ་ཏོག་སྣ་ཚོགས་ཡོད་པ། རི་དང་སྤང་ཐང་མཛེས་པོ་ཡོད་པས་རི་སྐྱེས་སེམས་ཅན་མང་པོ་ཡོད་པ། ཤིང་ནགས་མོད་པོ། ཤིང་འབྲས་སྣ་ཚོགས་ཡོད་པ། བྱ་བྱེའུ་སྙིང་བརྗེ་མོ་དེ་དག་གིས་སྐད་སྙན་སྣ་ཚོགས་སྒྲོགས་པ་དང་། མི་རྣམས་ཀྱི་ཟེར་སྲོལ་ལ། བྱེའུ་ཁ་ཤས་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤ་དང་ཇོ་རིན་པོ་ཆེ་ཕེབས་སོང་ཟེར་བ་ལྟ་བུའི་སྐད་འདྲ་བོ་འདྲོ་བོ་འབྱིན་མཁན་ཡང་ཡོད་པ་རེད་ཟེར་གྱི་ཡོད།
དགའ་ལྡན་དུ་གྲྭ་ཚང་གོང་འོག་གཉིས་སྟེ་གོང་མ་བྱང་རྩེ་དང་། འོག་མ་ཤར་རྩེ་གཉིས་ཡོད་པ་རེད། ཤར་རྩེ་གྲྭ་ཚང་ལ་རྡོ་ཁང་ཁང་ཚན་ དང་། ཕོ་ཁང་ཁང་ཚན། ཅོ་ནེ་ཁང་ཚན། ཐེ་བོ་ཁང་ཚན། ཟུང་ཆུ་ཁང་ཚན། རྟ་འོན་ཁང་ཚན། ཉ་ར་ཁང་ཚན། ལྷོ་པ་ཁང་ཚན། གུང་རུ་ཁང་ཚན། སོག་པོ་ཁང་ཚན། མངའ་རིས་ཁང་ཚན། ཆོས་པ་ཁང་ཚན། ཉང་མོ་ཁང་ཚན་བཅས་དང་། བྱང་རྩེ་གྲྭ་ཚང་ཁོངས་ཧ་གདོང་ཁང་ཚན། གསེར་སྐོང་ཁང་ཚན། ཚ་བ་ཁང་ཚན། ཀླུ་འབུམ་ཁང་ཚན། རྒྱལ་རོང་ཁང་ཚན། བསམ་བློ་ཁང་ཚན། གོ་བོ་ཁང་ཚན། རྡོ་རྭ་ཁང་ཚན། བྲ་ཉེ་ཁང་ཚན། ཕ་ར་ཁང་ཚན། ཀོང་པོ་ཁང་ཚན། སྤྲིའུ་ཁང་ཚན། བྲི་ཏི་ཁང་ཚན། མངའ་རིས་ཁང་ཚན་བཅས་ཡོད།
 དགའ་ལྡན་ལ་ཡོད་དུས་ཞོགས་པར། སྐྱབས་འགྲོ་དང་། དགའ་ལྷ་བརྒྱ་མ་། བླ་མ་མཆོད་པ་སོགས་བློར་འཛིན་དགོས་པ་རེད། མཚམས་རེ་ཤོག་བུ་སྣ་རིང་ཤོག་གྲངས་བཅུ་བཅོ་ལྔ་བློར་འཛིན་དགོས་པ་རེད། དེའི་རྗེས་སུ་ཞོགས་ཇ་འཐུང་གི་རེད། བོད་ཇ་དང་རྩམ་པ་སོགས་རེད། དེ་དུས་དེང་སྐབས་ནང་བཞིན་ཉིན་གུང་གཉིད་ཉལ་བའི་སྲོལ་དང་། གཟའ་ཉི་མ་སོགས་ཡོད་པ་མ་རེད། དབྱར་ཆོས་ཆེན་མོ་གྲོལ་ནས་དགག་དབྱེ་སྐབས་ཀྱི་བག་ཡངས་ཉིན་བདུན་དང་། ལོ་གཅིག་གི་ལོ་སར་སྐབས་སུ་མ་གཏོགས་གུང་གསེང་ཟེར་བ་ཞིག་ཡོད་པ་མ་རེད། སྔ་ལངས་འཕྱི་ཉལ་བྱས་ནས་དཔེ་ཆ་ལྟ་ཀློག་བྱེད་དགོས་པ་རེད། ཚེ་བཟང་དུས་བཟང་ལ་གླིང་སྐོར་དུ་སྐོར་བ་བརྒྱབ་ནས་དཔེ་ཀློག་བྱེད་དགོས་པ་རེད། དབྱར་ཁར་གསང་ཕུ་དབྱར་ཆོས་དང་། དགུན་ཁར་འཇང་དགུན་ཆོས་ཡོད་པ་རེད། གསང་ཕུ་དབྱར་ཆོས་ནི་ཆོས་སྟོན་ཡིན་པས་སྐྱིད་པོ་ཡོད་པ་དང་། འཇང་དགུན་ཆོས་རྩོད་པ་གཤའ་མ་ཡིན་པ་རེད། བཤད་སྲོལ་ལ་གསང་ཕུ་དབྱར་ཆོས་ལ་མ་སླེབས་ན་ཤི་བ་རེད། འཇང་དགུན་ཆོས་ལ་མ་སླེབས་ན་གཉིད་པ་རེད་ཟེར་སྲོལ་ཡོད་པ་རེད། དགའ་ལྡན་བྱང་རྩེ་གསང་ཕུ་དབྱར་ཆོས་ལ་ཕེབས་ཀྱི་མ་རེད། ཤར་རྩེའང་དང་པོ་འཇང་དགུན་ཆོས་ལ་མི་ཕེབས་མོད་ཕྱེས་སུ་འགྲོ་གི་རེད། སྐབས་དེ་དུས། ས་འཁྱགས་གདན་དང་། རྡོ་འཁྱགས་སྔས་བྱས་ནས་དཀའ་སྡུག་ལ་མགོ་མ་སྒུར་བར་སློབ་གཉེར་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱི་རེད།
༸རྒྱལ་བ་ཡེ་ཤེས་ནོར་བུ་དགའ་ལྡན་ལ་ཐེངས་གཉིས་ཙམ་ཞིག་ཕེབས་མྱོང་ཡོད། དང་པོ་རྒྱ་ནག་དུ་ཆིབས་སྒྱུར་བསྐྱངས་དུས་དགའ་ལྡན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་མཆོད་མཇལ་གནང་པ་དང་། ཐེངས་གཉིས་པ་དེ་སྐུ་ཉིད་ནས་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་བཞེས་དུས་རེད། དེའི་སྐབས་སུ་དུས་ཚོད་ཉེན་འཕྲང་ཅན་དུ་ཁེལ་ཡོད་པ་རེད། ཟིང་འཁྲུག་ལངས་གྲབས་ཡོད་པ་རེད། ཡིན་ནའང་ཆིབས་བསུ་རྒྱ་ཆེན་གནང་སོང་། རི་ཞོལ་གྱི་ཞོལ་གྲོང་ཚོར་གུར་མང་པོ་བརྒྱབ་པ་དང་མི་མང་གིས་གཟབ་འཕྱོར་སྤྲས་ནས་ཆིབས་བསུ་གནང་། ཡེ་ཤེས་ནོར་བུ་དགའ་ལྡན་ཁྲོམ་ཐོག་སྒང་དུ་ཕེབས། དེར་སྐུ་ཕྱག་མཚལ་ས་གཉིས་ཡོད་པ་རེད། གཅིག་ཡེ་ཤེས་ནོར་བུའི་སྐུ་ཕྱག་འཚལ་ས་དང་། གཅིག་དགའ་ལྡན་ཁྲི་པའི་སྐུ་ཕྱག་འཚལ་ས་རེད།
དེ་ཡང་དགའ་ལྡན་ཁྲི་བར་ཕེབས་པ་ལ་སེ་འབྲས་དགའ་གསུམ་གྱི་ལྷ་རམས་དགེ་བཤེས་སུ་འདྲ་ཞིག་ཡིན་ཡང་ཤར་བྱང་གཉིས་ཀྱི་ཆོས་རྗེ་བྱ་དགོས་པ་དང་བླ་མ་རྒྱུད་པ་ནང་དུ་ཞུགས་དགོས་པ་བླ་མ་དབུ་མཛོད་དང་མཁན་པོ་སོགས་གནང་རྗེས་ཤར་རྩེ་ཆོས་རྗེ་ཡིན་ན་ཤར་རྩེ་ནས་བཞུགས་པ་དང་བྱང་རྩེ་ཆོས་རྗེ་ཡིན་ན་བྱང་རྩེ་རུ་བཞུགས་ཀྱི་རེད། དེ་ལྟའི་དགའ་ལྡན་ཁྲི་པ་ལ་ཕྱག་མཚལ་ཁང་ཞིག་ཡོད་པ་རེད། ཡེ་ཤེས་ནོར་བུ་ཕྱག་མཚལ་ཁང་དེར་ཕེབས་ནས་སྐུ་ཕྱག་མཚལ་རྗེས་ཡར་ཕེབས་ནས་ཁྲིར་བཞུགས་སོང་། དེ་ནས་དམ་བཅའ་བཞག་པ་རེད། དམ་བཅའ་འཇོག་དུས་མཁན་པོ་གཉིས་ཀྱིས་རྟགས་གསལ་བཏང་བ་དང་དེ་ནས་ཡེ་ཤེས་ནོར་བུས་རྟགས་གསལ་བཏང་སྟེ་མཁན་པོ་གཉིས་དམ་བཅར་བསྡད། གྲྭ་ཚང་སོ་སོའི་དཔེ་ཆ་ཡག་པོ་ཡོད་མཁན་ལྔ་རེ་བྱས་ཏེ་རྣམ་འགྲེལ་རྟགས་གསལ་གཏོང་མཁན་མི་ལྔ། ལན་འདེབས་མཁན་མི་གཉིས། ཕར་ཕྱིན་ལ་ལྔ་དང་གཉིས། དབུ་མ་ལ་ལྔ་དང་གཉིས། མཛོད་ལ་ལྔ་དང་གཉིས། འདུལ་བ་ལ་ལྔ་དང་གཉིས་བཅས་སོ་སོ་བྱས་ཏེ་དམ་བཅར་བསྡད། སྐབས་དེར་ཡེ་ཤེས་ནོར་བུ་ཁྲིར་བཞུགས་ཡོད་པ་དང་། གཡས་ལ་སྐྱབས་རྗེ་གླིང་རིན་པོ་ཆེ་བཞུགས། གཡོན་ལ་ཁྲི་བྱང་རིན་པོ་ཆེ་བཞུགས་ཡོད་པ་རེད། དེ་ནས་བང་རིམ་ལྟར་ཚོགས་ཆེན་སྤྲུལ་སྐུ་སོགས་བླ་མ་ཆེ་ཁག་མཐོ་བ་རྣམས་དང་། དེ་རྗེས་མཁན་པོ་དང་མཁན་ཟུར་བཅས་རིམ་པར་བཞུགས་ཡོད་པ་རེད། ཕྱོགས་གཅིག་ཏུ་ཡེ་ཤེས་ནོར་བའི་སྐུ་མཆེད་དང་། སྐུ་བཅར་རྣམས་བཞུགས། ཚུར་ཕྱོགས་ངོས་ལ་མགྲོན་གཉེར་ཆེན་མོ་སོགས་བཞུགས་ཡོད། ང་དེ་དུས་ཕར་ཕྱིན་དམ་བཅའ་གཏོང་མཁན་གྱི་མི་ལྔའི་གྲས་ཡིན། རྣམ་རྒྱུན་ང་རྟགས་གསལ་གཏོང་རྒྱུར་དགའ་བོ་ཡོད། སྐབས་དེ་དུས་གོང་ས་མཆོག་ནས་ང་ཚོ་རྟགས་གསལ་གཏོང་མཁན་ཚོར་མཇལ་ཁ་གནང་བ་དང་། ཁོང་ནས་ཤིང་ཏོག་སོགས་སྙེན་པ་མང་པོ་གནང་སོང་། ང་རང་གི་མི་ཚེ་གཅིག་གི་ནང་ཤིན་ཏུ་བཟང་པའི་སྐལ་བ་ཞིག་བྱུང་། ངའི་མི་ཚེ་ནང་ལ་རྗེ་བཙུན་མི་ལས་གསུངས་ལས། ་དང་པོ་ངུ་བྲོ་བ། དེ་ནས་དགོད་བྲོ་བ་ཞེས་གསུངས་བ་ནང་བཞིན་དགའ་སྡུག་སྐྱོ་གསུམ་མྱངས་ཡོད།  དེ་ནས་ཡེ་ཤེས་ནོར་བུ་དབང་སྐུར་རི་ལ་གཡག་དཀར་པོ་ཞིག་ཆིབས་ནས་ཕེབས་སོང་། སྐབས་དེ་དུས་༸གོང་ས་ཡེ་ཤེས་ནོར་བུ་དབུ་བཞུགས་ཐོག་ཡོངས་འཛིན་རྣམ་གཉིས་དང་། ཆོས་ར་ཤིན་ཏུ་ཆེན་པོ་དེའི་ནང་སེར་འབྲས་ཀྱི་བླ་མ་དགེ་བཤེས་མང་པོ་དང་། གྲྭ་མང་གི་དཀྱིད་དུ་སོ་སོ་ཡར་ལངས་ནས་རྟགས་གསལ་གཏོང་དགོས་དུས་འཚེར་སྣང་འདྲ་འདུག
དེ་དུས་འཚོ་བ་ཉམ་ཐག་རེད་། དེང་སྐབས་འདི་བ་ནང་བཞིན་ཡོད་པ་མ་རེད། ཡིན་ནའང་ཚང་མའི་དཔེ་ཆར་འབད་བརྩོན་བྱེད་པ་རེད། དགའ་ལྡན་ནི་བློ་བག་ཕེབས་པོ་ཡོང་སའི་གནས་ཁྱད་པར་ཅན་ཞིག་རེད། མི་ཚོས་བཤད་སྲོལ་ལ་དགའ་ལྡན་རང་བྱུང་གི་གནས། སེ་ར་རི་ཁྲོད་ཀྱི་གནས། འབྲས་སྤུངས་ཆོས་སྐྱོང་གི་གནས་ཡིན་ཟེར། དགའ་ལྡན་ལ་རང་བྱུང་མང་པོ་ཡོད་པ་རེད།
གླིང་སྐོར་དུ་སོང་ནརྗེའི་ཕྱག་མཛུབ་ཀྱིས་བཏོན་གནང་བའི་བདུད་རྩི་ཆུ་མིག་དང་། ཉག་ར་ལ་སྟེང་དུ་འབྲུག་པ་ཀུན་ལེགས་ཀྱི་རང་བྱོན། ཕ་དམ་པ་སངས་རྒྱས་ཀྱི་རང་བྱོན། ཆོས་རྒྱལ་གྱི་རང་བྱོན། འཇིགས་བྱེད་དཔའ་བོ་གཅིག་པའི་རང་བྱོན། ནག་པོ་སྐོར་གསུམ་གྱི་རང་བྱོན། རྡོ་སྤུངས་ཡོད་སར་སྤྱན་རས་གཟིགས་ཁ་སརྤ་ཎིའི་རང་བྱོན། དེ་ནས་རིམ་བཞིན་རྗེ་ཙོང་ཁ་པའི་ཕྱག་ཕྲེང་གི་རང་བྱོན་དང་དོམ་རའི་རང་བྱོན། དབུ་ཞྭའི་རང་བྱོན། ཆོས་གོས་ཀྱི་རང་བྱོན། དཔལ་ལྡན་ལྷ་མོའི་ཆིབས་པའི་ཞབས་རྗེས། མཁས་གྲུབ་རྗེས་ཕྱག་སེན་གྱིས་བྲིས་གནང་བའི་གང་ཉིད་ཀྱི་སྐུ་བརྙན་དང་དེའི་ཞོགས་སུ་རྗེ་རིན་པོ་ཆེས་སྤྱན་གྱིས་མ་གཟིགས་པར་ཕྱག་ཕྱིར་བརྐྱངས་གནང་ནས་བྲིས་གནང་བའི་ཉིད་ཀྱི་སྐུ་བརྙན། བྱང་ཤམ་བྷ་ལའི་རྟ་འདོགས་ས། རིག་པ་སྤྱི་བླུགས་ཀྱི་རང་བྱོན། ནིའུ་ལིའི་རང་བྱོན། བ་ཞབས་ཀྱུ་བུ་ཞེས་པའི་རང་བྱོན། བྲག་གད་པོ་བར་དོའི་ཕྲང་ཞེས་པ། ལམ་ལྟག་ཏུ་མ་ཎིའི་རང་བྱོན། ལམ་འོག་ཏུ་དུར་ཁྲོད། དུང་དཀར་གཏེར་ལས་བཞེས་པའི་རང་བྱོན། གཞན་ཡང་འགོག་པ་རི། འགོག་པ་རི་ཞེས་པ་ནི་སྔོན་སངས་རྒྱས་འོད་སྲུང་དུས་དགེ་སློང་ཞིག་རི་དེའི་བྲག་གསེབ་ཏུ་འགོག་སྙོམས་ལ་བཞུགས་ཡོད་པ་ལ་དགོན་པ་རྒྱག་སྐབས་ས་རྡོ་བརྐོ་སློག་བྱས་སྟབས་སྙོམ་འཇུག་ལས་བཞེངས་ཏེ་རྒྱལ་བ་འོད་སྲུང་གང་དུ་བཞུགས་ཡོད་དམ་ཞེས་གསུངས་པར། ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ཞེས་ཞུས། དེ་ནས་རྫུ་འཕྲུལ་དུ་མ་བསྟན་ཏེ་མྱ་ངན་ལས་འདས་པས་རྗེས་སུ་རི་དེ་ལ་འགོག་པ་རི་ཞེས་ཐོགས། དེ་ནས་སངས་རྒྱས་འོད་སྲུང་གི་འཕེལ་གདུང་ཕེབས་པའི་རང་བྱོན་དེར་ཉ་སྟོང་བརྒྱད་གསུམ་ལ་རི་དྭགས་ཀྱིས་ཀྱང་སྐོར་བ་རྒྱག་སྲོལ་ཡོད་ཟེར། དེ་ནས་རྗེ་ཙོང་ཁ་པ་ཞབས་སྐོར་དུ་ཕེབས་སྐབས་ཁུ་བྱུག་གི་སྐད་གསན་པས་རྗེ་ཙོང་ཁ་པ་ཡུམ་དྲན་ཏེ་ཨ་མ་ཞེས་གསུང་ཤོར་བསབྲག་ལྡེབས་ནས་ཨ་ཞེས་སྒྲ་དང་བཅས་ཨ་ཡིག་གེ་རང་བྱོན་ཐོན་པ། དེ་ནས་བཟུང་དགའ་ལྡན་གླིང་ནང་དུ་ཁུ་བྱུག་གི་སྐད་སྒྲོག་སྲོལ་མེད་ཟེར། དེ་ནས་བྲག་ལྡེབས་སུ་ཀོང་ཀོང་མང་པོ་ཡོད་པ་ནི་བྱང་ཤམ་བྷ་ལའི་མཁར་རྔ་ཡིན་ཞེས་དང་། ལམ་ལྟག་ཏུ་སེང་གདོང་མའི་རང་བྱོན། ཥཎྜཔཱ་ལའི་ཞབས་རྗེས། བདུད་ཀྱིས་གནམ་རྡོ་གཡུགས་པས་རྗེ་རིན་པོ་ཆེས་ཕར་གཡུགས་གནང་བས་ཕྱག་མཛུབ་དང་དབུ་ཞྭའི་རྗེས་དོད་པའི་རང་བྱོན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་རབ་གནས་གནང་སྐབས་མཆོད་འབྲུ་ཐོར་བའི་རང་བྱོན། མཁས་གྲུབ་རྗེས་སྐུ་སྨད་བཞེངས་གནང་བ་ལ་སྐུ་སྟོད་རང་བྱོན་དུ་ཕེབས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན། དེའི་འོག་གི་བྲག་ལྡེབས་ནས་གསེར་བཞེས་ཏེ་ཞལ་གསེར་ཕུལ་གནང་བ་དང་སླད་བཏོན་མི་ཆོག་པའི་ཕྱག་མཛུབ་ཀྱིས་ཐེལ་བསྐྱོན་པའི་རང་བྱོན། དེ་ནས་རྗེའི་སྒྲུབ་ཁང་ནང་གི་རང་བྱོན་སོགས་མཇལ་རྒྱུ་ཡོད།  ཆོས་ར་ཡིན་ནའང་དབྱར་ཆོས་ཆེན་མོ། དཔྱིད་ཆོས་ཆེན་མོ། དགུན་ཆོས་ཆེ་མོ་ཟེར་བ་དེ་འདྲ་ཡོད་པ་རེད།
དེ་དུས་དགའ་ལྡན་ལ་འཚོ་བ་ཅུང་སྐྱོ་བོ་རེད། དེ་ཡང་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་ཁོང་ཉིད་ནས་གྲྭ་བའི་འཚོ་བ་སྐྱིད་པོ་ཡོད་ན། རྒྱུ་དང་འབྱོར་བ་ལ་མགོ་འཁོར་ནས་དཔེ་ཆར་ཡག་པོ་ལྟ་གི་མ་རེད་གསུངས་ནས་། དགའ་ལྡན་ཆོས་རྒྱལ་ཁང་གི་སྒོ་ཐེམ་མར་གཞོགས་སུ་བུམ་པའི་(རྗེ་རིན་པོ་ཆེའི་སློང་བཟེད)ཁ་ལ་རྡོ་རྗེ་རྒྱ་གྲམ་བརྒྱབ་ཡོད་པ་རེད། དེ་བཞིན་དགོན་པའི་ནང་དུ་རྡོ་ཡི་གཡང་སྒམ་ཆེན་མོ་ཞིག་ཡོད་པ་དེའང་མར་དགོན་མཐར་བཞག་ནས་ནང་དུ་ཤགས་སོ་སོའི་ཐལ་བ་བླུགས་ནས་སྤུངས་ཡོད་པ་རེད། སྐབས་རེ་ཚོགས་ཆེན་ཞལ་ངོས་རྡོ་དེའི་ཐོག་རྡུང་གི་རེད། དེ་ནང་བཞིན་འཇིག་རྟེན་པའི་ལྷ་དེ་དག་ཀྱང་དགོན་པའི་ནང་བཞུགས་ཆོག་གི་ཡོད་པ་མ་རེད། དཔེར་ན་གནས་ཆུང་ཟེར་བ་ལ་སོགས་པ་དེ་དག་ཚང་མ་ཕྱི་རུ་ཡོད་པ་རེད། རྗེ་རིན་པོ་ཆེ་ཁོང་ཉིད་ཀྱི་ཡུལ་ལྷའམ་སྐྱེས་ལྷ་རྨ་ཆེན་སྤོམ་ར་ཡིན་ནའང་གླིང་མཐའི་བརྟེན་མཁར་དུ་བཞུགས་ཡོད་པ་རེད། ཆོས་ཁྲིམས་ཤིན་ཏུ་གཙང་མ་ཡོད་པ་རེད།
ང་དཔེ་མཚམས་ལ་ཐེངས་ཤིག་འགྲོ་མྱོང་བ་ཡིན། ས་ཆ་དེར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བླ་རི་ཡིན་ཟེར་བ་ཞིག་དང་། རྗེ་བཙུན་སྒྲོལ་མའི་བླ་རི་ཡིན་ཟེར་བ། ཞབས་ཡ་གཅིག་བསྐྱངས་ཤིང་གཅིག་སྐུམ་པའི་རྣམ་པ་ཅན་ཞིག་དང་། གཤམ་དུ་ཆུ་ཞིག་ཀྱང་ཡོད་དེར་བྲག་ཕུག་ཅིག་ཡོད་པ་ནི་ཅང་སྐྱ་རོལ་བའི་རྡོ་རྗེའི་སྒྲུབ་ཕུག་རེད། དེ་རུ་ཆོས་འཚམས་ལ་བསྡ་པ་ཡིན་། བྲག་ཕུག་མདོ་ཕུག་གཉིས་ཅན་ཞིག་རེད། སྦུག་དེར་ངའི་ཆོས་གྲོགས་ཟླ་བ་སྤྱིན་པ་བཞུགས། ང་མདོ་རུ་བསྡད་ནས་སྤྱོད་འཇུག་ཆེན་མོ་བློར་ཟིན་ནས་བསྡད་པ་ཡིན། ཞོགས་པ་སྔ་མོ་ཡར་ལངས་ནས་གཅིག་གིས་ཆུ་ལེན་པ་དང་། གཅིག་གིས་བུད་ཤིང་འཐུས་ཏེ་ཇ་སྐོལ་ནས་རྩམ་པ་ཟ་གི་རེད།   དེང་སང་ལྟར་གློག་ཡོད་པ་མ་རེད། མཚན་མོ་དཔེ་ཆར་ལྟ་དུས་སྤོས་ཤིག་སྤར་ནས་སྤོས་ཀྱི་འོད་ཙམ་ལ་བརྟེན་ནས་དཔེ་ཆར་ལྟ་ཀློག་བྱེད་པ་རེད། ཟླ་བ་བཞི་ལྔ་ཙམ་བསྡད་པ་ཡིན། གནས་དེར་ཐེངས་ཁ་ཤས་ལ་འགྲོ་མྱོང་ཡོད། དགུན་ཁར་གཟིག་ཀྱང་ཡོང་གི་རེད། བྲག་ཕུག་ལ་སྒོ་ཡོད་པ་མ་རེད། ཐབ་ཀ་ཡིན་ན་ཡང་ཐབ་རྡོ་སྒྱེད་པུ་རེད།
བཤད་སྲོལ་ཞིག་ལ། འབྲུག་པ་ཀུན་ལེགས་གང་སར་ཕེབས་ནས་ཚུལ་ཁྲིམས་ཚུལ་ཁྲིམས་ཟེར་ནས་ཐེངས་གསུམ་རེ་འབོད་བཞིན་སོང་བར་ཚུལ་ཁྲིམས་ཟེར་མཁན་མེད་པ་དང་། དགའ་ལྡན་དུ་སོང་ནས་ཚུལ་ཁྲིམས་ཟེར་ནས་འབོད་དུས་ཚུལ་ཁྲིམས་ཀྱིས་ཁེངས་འདུག་པར་འབྲུག་པ་ཀུན་ལེགས་ཀྱིས་ཚུལ་ཁྲིམས་རྣམས་ཀྱིས་སྐྱག་པ་ཟོ་ཟེར་ནས། རྡོ་ཐོག་ཏུ་སྐྱག་པ་བཏང་བར། ཕྱེས་སུ་དགའ་ལྡན་ནི་སེར་སྐྱ་སུ་དང་མི་འདྲ་བར། དགའ་ལྡན་ལ་འབྲུ་ཕོགས་ཟེར་བ་བྱུང་བ་ནི་འབྲུག་པ་ཀུན་ལེགས་ཀྱིས་དངོས་གྲུབ་གནང་བ་ཡིན་ལུགས་བཤད་སྲོལ་ཡོད་པ་རེད། དེ་རུ་འབྲུག་པ་ཀུན་ལེགས་ཀྱི་རྗེས་ཤུལ་དང་། རྗེ་རིན་པོ་ཆེ་དགོན་པ་འདེབས་དུས་ཕོ་རོག་གིས་རྗེ་རིན་པོ་ཆེའི་དབུ་ཞྭ་ཁྱེར་ནས་དེང་གི་དགོན་པ་ཆགས་ཤུལ་དུ་བབ་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོད་པ་རེད།
དཔེ་ཆར་མི་གཟིགས་མཁན་དེ་ཚོ་ཡིན་ན་ཡང་ཚོགས་ཆོས་གྲྭར་མ་ཆད་པར་ཞུགས་ནས་ཁ་འདོན་ཆད་མེད་སྒྲུབ་འདོན་བྱེད་མཁན་ཚོའི་ནང་དུ། འཆི་ཁར་རང་དབང་ཡོད་བསྡད་མཁན་ཡོད་པ་རེད། ད་དུང་དཔེ་ཆར་མི་ལྟ་མཁན་གྱི་ནང་དུ་རྡོབ་རྡོབ་ཡོད་པ་རེད་ཁོ་ཚོས་ཆོས་དུང་དང་རྒྱ་གླིང་འབུལ་དགོས་པ་རེད། དེ་དག་ཚང་མ་དཔེ་ཆ་ཡག་པོ་མེད་ཀྱང་། ཚུལ་ཁྲིམས་ཡང་དག་སྲུང་མཁན་རེད། དེ་དུས་ཀྱི་འཚོ་བ་སྐྱོ་བོ་ཡོད་པ་རེད་དེ་སེམས་པ་སྐྱིད་པོ་ཡོད་པ་རེད། ཟས་རིགས་ཀྱང་ཞོག་ཁོག་དང་ལ་ཕུག་ཟ་བུད་གཅའ་རན་ད་མོག་མོག་བཟོ་གི་རེད། ཧ་ཅང་བྲོ་བ་ཞིམ་པོ་རེད། དེ་ལྟ་བུའི་ཟས་བྲོ་བ་ཅན་ཞིག་མི་འདུག
དཔེར་ན་ཞོགས་པ་ཇ་བསྲུབས་མ་འཐུང་གི་རེད། ཕོར་བ་ཆུང་ཆུང་ཞིག་གི་ནང་། མཚམས་མཚམས་གཉིས་གསུམ་འདྲ་འཐུང་ན་དགེ་རྒན་གྱིས་བྱིས་པའི་ཇ་མང་པོ་འཐུང་ན་རྣ་བ་གྱོང་གི་རེད་ད་གསུང་གི་རེད།
དགའ་ལྡན་ཚོགས་ཆེན། ཤར་བྱང་གྲྭ་ཚང་གཉིས། བྱང་རྩེ་གྲྭ་ཚང་ལ་ཁམས་ཚན་བཅུ་གཉིས། དེ་དག་ནི་བྲེ་བོ་ཁང་ཚན། རྒྱལ་རོང་ཁང་ཚན། བྲོ་ར་ཁམས་ཚན། ཀླུ་འབུམ་དང་། བསམ་བློ་དང་། ཚ་བ་དང་ཧ་རྡུང་ཕྱེད་ཀ  ཤར་རྩེ་གྲྭ་ཚང་ལ་ཁམས་ཚན་བཅུ་གཅིག་ཡོད། ཁམས་ཚན་ནང་དུ་མི་ཚན་ཡོད་པ་རེད། འབྲུག་པ་དང་ལ་དྭགས་མོན་པ། སོགས་ཡོད་པ་རེད། ཁམས་ཚན་ཆེ་ཤས་རྗེ་རིན་པོ་ཆེའི་ཁམས་ཚན་རེད། རྗེ་རིན་པོ་ཆེའི་ཁམས་ཚན་ནི་ཀླུ་འབུམ་ཁམས་ཚན་རེད། ཁམས་ཚན་ནང་དུ་རྗེ་ཡབ་སྲས་གསུམ་གྱི་སྐུ་འཇོག་གི་རེད། རྗེས་སུ་བླ་མ་ཞིག་གིས་དཀྱིལ་དུ་རྗེ་རིན་པོ་ཆེ། གཡས་གཡོན་དུ་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་གཉིས་བཅས་ཀྱི་སྐུ་བཅས་སྐུ་གསུམ་བཞེངས་སྐད། དེ་ནི་རྒྱལ་བ་པཎ་ཆེན་གཉིས་ཨ་མདོར་འཁྲུངས་པའི་རྟེན་འབྲེལ་རེད་ཅེས་བཤད་སྲོལ་ཡོད་པ་རེད།   
དམ་བཅའ་ཚོགས་དུས་ཀླུ་འབུམ་དུ་འཚོགས་པ་རེད། ལོ་རེའི་དྲུག་པའི་བཅོ་ལྔ་ལ་གསེར་ཐང་བཤམས་པ་དང་། ལྷ་མོ་འཁྲབ་པ། ཆོས་རྒྱལ་ནོར་བཟང་དང་། འགྲོ་བ་བཟང་མོ་སོགས་འཁྲབ་པའི་སྲོལ་ཡོད། བཀའ་འགྱུར་བསྟན་འགྱུར་འཛམ་གླིང་གཡས་གཞག་ཟེར་བ་ཡོད་པ་རེད། བཀའ་བསྟན་གྱི་ནང་གི་སྐུ་འདྲ་ཚང་མ་གསེར་གྱིས་བྲིས་ཡོད་པ་རེད། ཟླ་བ་བཞི་བའི་ཚེས་བཅོ་ ལྔ་།བཅུ་དྲུག བཅུ་བདུན། བཅོ་བརྒྱད་བཅས་སུ་ཀློག་གི་རེད། དེ་དུས་རྡོབ་རྡོབ་ང་ཡིན་ཁོ་ཡིན་ཟེར་མཁན་རྣམས་ཀྱིས་ཁྱེར་ཡོང་ན་ལྗིད་དྲག་ནས་ཁྱོགས་ལ་མི་ཁྱོགས་ལ་བྱེད་ཀྱི་རེད། དེ་མིན་བཀའ་བསྟན་འགྱུར་མཐིང་ཤོག་ཐོག་གསེར་གྱིས་བྲིས་པ་མང་པོ་ཡོད་པ་རེད།  རྗེས་སུ་བཀའ་འགྱུར་འཛམ་གླིང་གཡས་བཞག་རྒྱ་ནག་དུ་ཁྱེར་འདུག ཕྱིས་སུ་ང་དགའ་ལྡན་དུ་སོང་དུས་བཀའ་བསྟན་གསེར་བྲིས་མ་མང་པོ་མེར་བསྲེགས་ནས་མ་འཚིག་པར་ཕུང་བརྒྱབ་ནས་སྤུངས་འདུག གཞན་རྗེ་རིན་པོ་ཆེའི་གསེར་གདུང་། གསང་བ་འདུས་པའི་དཀྱིལ་འཁོར། འཇིགས་བྱེད་ཀྱི་དཀྱིལ་འཁོར། བདེ་མཆོག་གི་དཀྱིལ་འཁོར། དགའ་ལྡན་ཁྲི་བ་བདུན་ཅུ་དོན་ལྔ་ཡོད།
ཕྱྭ་པ་ཆོས་ཀྱི་སེངྒེ་སྐོར།
བསྡུས་གྲྭའི་རིགས་ལམ་གྱི་བྱུང་བ་ནི་དུས་རབས་བཅུ་གཉིས་པའི་ནང་གངས་ལྗོངས་རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེས་གསར་དུ་སྲོལ་ཕྱིས་པ་ནས་བཟུང་འཕེལ་རྒྱས་བུང་བ་ཞིག་ཡིན། ཕྱཱ་པ་ཆོས་ཀྱི་སེང་གེ་དང་པོ་སྐུ་འཁྲུངས་ནས་དུས་ཡུན་གང་མཚམས་ཤིག་ལ་ཞལ་གྲག་ཡ་མེད་པ་དང་གོམ་པའང་སྤོ་མི་ཐུབ་པ་ཞིག་ཡིན་པས་ཨ་མས་བླ་མ་ཞིག་གི་སར་ཁྱེར་དེ་གནས་སྟངས་ཞུས་དུས། བླ་མས་གནས་སྐོར་ལ་སོང་གསུངས་པ་རེད། དེ་ནས་གནས་སྐོར་ལ་སོང་ནས་དེང་གི་དགའ་ལྡན་གྱི་རིའི་སྐེད་ཅིག་ནས་ཨ་མ་ད་ངལ་གསོ་ཞིག་གནོངས་དང་ཞེས་ཞལ་གསང་ནས་ཁ་གྲགས་ཐུབ་པར་གྱུར་པ་དང་། ཨ་མགོ་རི་སྟེ་འགོག་པ་རི་ནས་ང་མར་ས་ལ་གཞོག་དང་གོམ་པ་སྤོ་གི་ཡིན་ཟེར་བ་སོགས་ཀྱི་བཤད་སྲོལ་ཡོད་པ་རེད། ཕྱྭ་པ་ཆོས་ཀྱི་སེངྒེ་ཁོང་ནི་ཕྱི་ལོ་ ༡༡༠༩ ལོར་ཕྱྭ་པ་ཞེས་པའི་ཡུལ། དེང་སྐབས་ཀྱི་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་། ལ་མོ་ཆུས་ཀྱི་ཁོངས་སུ་འཁྲུངས། ཞང་པོ་ཚེ་སྤོང་བ་ཆོས་ཀྱི་བླ་མའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཆོས་ཀྱི་སེངྒེ་ཞེས་བཏགས། དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས། དབུ་མ་དང་། བྱམས་ཆོས། མཛོད་སོགས་ཀྱི་དོན་བསྡུས་པའི་གཞུང་མཛད་པར་གྲགས་ལ། ལྷག་པར་བསྡུས་པའི་གཙོ་བོ་ཚད་མའི་དོན་བསྡུས་པའི་བསྡུས་གཞུང་མཛད་དེ། བསྡུས་སྦྱོར་གྱི་སྲོལ་ཕྱེས། གདན་སའི་སློབ་གཉེར་ལམ་ལུགས་གསར་བཏོད་མཛད། ཕྱི་ལོ་༡༡༦༩ལོར་སྐུ་གཤེགས། 
སྤྱིར་རྟགས་གསལ་གཏོང་ཞེས་པ་ནི་མཚན་ཉིད་བགྲོ་གླེང་བྱེད་པ་སྟེ་རྩོད་པའི་སྐབས་དབྱེ་ནས་ཐལ་བ་འཕེན་པ་ལ་ཟེར། དེ་དུས་དྷཱི་ཞེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཤེས་རབ་ཀྱི་ས་བོན་ལ་བརྟེན་ནས་བློ་སྒོ་འབྱེད་པར་བྱེད་པ། འཁོར་གསུམ་སྐོར་ནས་གཟན་སྐེད་པར་དཀྲི་སྲོལ་ཡོད་པ། རྐང་པ་གཡོན་པ་ས་ལ་བརྡབས་པས་ངན་སོང་གི་སྐྱེ་སྒོ་གཅོད་པ། རྐང་པ་གཡས་པ་ཡར་བཏེགས་པའི་ངན་སོང་གི་འགྲོ་བ་རྣམས་མཐོ་རིས་སུ་འདྲེན་པ་སོགས་མཚོན་གྱི་ཡོད། 
སྔོན་དགའ་ལྡན་དགོན་གྱི་འཚོ་བ་སྐྱོ་བོ་རེད། དཔེ་ཆར་སློབ་གཉེར་ཡག་པོ་ཡོད་མཁན་དེ་འདྲར་ཉིན་ཁ་ཤས་རྩམ་པ་ཆད་འགྲོ་བ་དེ་འདྲ་ཡོད་རེད།  ཡིན་ནའང་དགོན་པར་བསྡད་འདོད་མེད་པ་དེ་འདྲ་ཡོད་པ་མ་རེད། ཧ་ཅང་སྐྱིད་པོ་ཡོད་པ་རེད། ཉིན་རེའི་འཚོ་བ་ཕལ་ཆེ་བ་རྩམ་པ་རེད། ཆུ་རྩམ་ཟ་གི་རེད། དགོན་པའི་ཕར་ཕྱོགས་དེར་ཆུ་མིག་ཞིག་ཡོད་པ་རེད། ཆུ་མིག་དེ་རྗེ་རིན་པོ་ཆེས་བཏོན་པ་རེད་ཟེར། ཆུ་དེ་ཕོ་བར་ཕན་གྱི་ཡོད་པས་སྡེ་བ་གཞུང་གི་སྐུ་དྲག་ཚོས་བླངས་ནས་འཁྱེར་གྱི་རེད། གྲྭ་བ་ཚོས་ཆུ་དེ་ཡིས་རྩམ་པ་བརྫིས་ནས་ཟ་གི་རེད། མར་ཆུར་སོགས་མེད་པར་ཆུ་ཁོ་ནའི་ནང་རྩམ་པ་རྫི་བ་ལ་ཆུ་རྩམ་ཟེར། གཞན་ཞོགས་པ་སྔ་མོར་དགོན་འདབས་ཀྱི་སྐྱོ་བོ་ཕོ་མོ་ཚོས་སྒོག་པ་ལ་ཕུག་ཉོས་ཞེས་སྐད་བརྒྱག་གི་རེད། ད་དུང་ཞོ་ཡོད་པ་རེད། འོ་ཞོ་དང་དར་ཞོ་གཉིས་ཡོད། འོ་ཞོ་ལ་རྩམ་པ་ཕོར་གཉིས་སྟེར་དགོས་པ་དང་། དར་ཞོ་ཡིན་ན་རྩམ་པ་ཕོར་གང་བྱིན་ན་འགྲིག་གི་རེད། ཞོ་དེ་ཧ་ཅང་ཡག་པོ་ཡོད་པ་རེད། རྩ་བའི་འཚོ་བ་སྐྱོ་བོ་ཡིན་ཡང་། གྲྭ་བ་ནི་ཕྱི་མ་ཁོ་ན་དོན་གཉེར་ཅན་ཡིན་དུས།
ཆོས་ཀྱི་རྩ་བ་སེམས་ཀྱི་བཟང་ངན་ཡིན་ཟེར་བའི་དཔེ་ལྟར། སེམས་བཟང་པོ་དགོས་པ་རེད། སྐྱེས་བུ་ལ་ཆེ་འབྲིང་ཆུང་གསུམ་ཡོད། སྐྱེས་བུ་ཆུང་ངུ་ཞིག་ཡིན་ན་སོ་སོ་ངན་སོང་དུ་མི་འགྲོ་བའི་ཕྱོགས་ལ་འབད་པར་བྱེད་པ། སྐྱེས་བུ་འབྲིང་ཞིག་ཡིན་ན་འཁོར་བའི་སྡུག་བསྔལ་མྱངས་མི་དགོས་པར་ཐབ་པ་ཐོབ་པར་འདོད་པ། སྐྱེས་བུ་ཆེན་པོ་ཡིན་ན་ཐར་པ་དང་ཐམས་བཅད་མཁྱེན་པའི་གོ་འཕངས་མྱུར་ཐོབ་ནས་མར་གྱུར་སེམས་ཅན་ཐམས་བཅད་ལ་ཕན་པ་འབའ་ཞིག་སྒྲུབ་པའི་སེམས་འགོག་མེད་དུ་ཡོད་པ་ཞིག་ཡིན་པ་རེད།
དགོན་པའི་ནང་དུ་ཆོས་རྣམ་དག་བྱེད་མཁན་གྱི་གྲྭ་མང་པོ་ཡོད་ལ་ཡང་ཉུང་ཤས་ནང་རྡོབ་རྡོབ་འཕྱོར་པོ་ཚོས་ལས་བྱེད་མཁན་དེ་འདྲའང་ཡོད་པ་རེད། གཙོ་བོ་རང་ཉིད་ཀྱི་སེམས་བསམ་པ་ལ་རག་ལས་ཡོད་པ་རེད། དེ་ལ་སངས་རྒྱས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།  །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།  །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།   །ཅེས་གསུངས་ཡོད།  དོན་ནི།  ཕྱི་རོལ་མུ་སྟེགས་པ་དེ་འདྲའི་ནང་གཟུགས་པོ་ཆུ་བོ་གང་གྷ་སོགས་སུ་བཀྲུས་ནས་སྡུག་པ་དག་པར་འདོད་པའི་བློ་ནི་ནོར་བ་ཡིན་པ་རེད། ཐུབ་པ་སངས་རྒྱས་པ་རྣམས་ཀྱི་ལུགས་ལ་སྡིག་པ་ཆུ་ཡིས་མི་དག་པས་མི་འཁྲུ་ཞིང་།   འགྲོ་བའི་སྡུག་བསྔལ་ཚེར་མ་བཞིན་ལག་ས་འདོན་རྒྱུ་མེད་པས་ཕྱག་གིས་མི་སེལ་ལ།  ཐུབ་པ་རང་ཉིད་ཀྱི་སྤངས་རྟོགས་ཡོན་ཏན་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཞན་ལ་འཕོ་རྒྱུ་མེད་པས་ཉམ་ཐག་གི་འགྲོ་བ་གཞན་ལ་སྤོ་བ་མིན་ནོ།   འོ་ན་འགྲོ་བ་ཉམ་ཐག་རྣམས་མྱ་ངན་ལས་ཅི་ལྟར་གྲོལ་བ་ཡིན་ཞེ་ན།   ཐུབ་པས་ལས་འབྲས་ཀྱི་བདེན་པ་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་མཐར་ཐུག་ཆོས་ཉིད་ཀྱི་བདེན་པའི་བར་གྱི་བླང་དོར་གྱི་གནས་བསྟན་པ་ལྟར་རང་རང་གིས་ཉམས་སུ་བླངས་ནས་གྲོལ་བ་སྟེ་བདེ་བ་ཐོབ་པར་མཛད་པའི་གནས་ལུགས་བསྟན་ཡོད་པ་བཞིན་ནོ།།
དགའ་ལྡན་དགོན་པ་ནི་ཕྱི་དབེན་པའི་རི་ཁྲོད་དང་། ནང་གསངས་བ་འདུས་པ་ཡིན། རྒྱལ་བས་ལུང་གིས་ཟིན་ཞིང་མདོ་སྔགས་གཉིས་ཟུང་འབྲེོལ་གྱི་ལམ་ལུགས་ཐུན་མོང་མ་ཡིན་པ་ཡོད་པའི་རི་ཁྲོད་དབེན་གནས་ཀྱི་དགོན་པ་ཞིག་ཡིན། དགོན་པའི་ནང་དུ་ཆོས་སྐད་དང་བྱ་བྱེའུ་སྐད་ལས་འདུ་འཛི་དང་ཟ་ཟིའི་རིགས་གང་ཡང་མེད། ཕྱི་དབེན་པའི་རི་ཁྲོད་ཟེར་བའི་དབེན་པ་ནི་འ་འུར་ཟ་ཟི་ཡི་འདུ་འཛི་མེད་པར་འཇམ་ཐང་ངེར་གནས་པའི་ཡུལ་བྱེ་བྲག་པ་ཞིག་ལ་གོ་དགོས། རི་ཁྲོད་ནི་དབེན་པའི་རི་ཁྲོད་ལ་ཟེར་ཞིང་འབྲོག་དང་དགོན་ཟེར་ནའང་གྲོང་དང་གྲོང་ཁྱེར་འདུ་འཛི་ཆེ་ས་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་དབེན་གནས་སམ་དགེ་འདུན་པ་གནས་སའི་ཡུལ་བྱེ་བྲག་པ་ཞིག་ལ་གོ་ཆོག  གསང་བ་འདུས་པ་ཞེས་པ་ནི་བླ་མེད་ཕ་རྒྱུད་ཀྱི་ལམ་དང་འབྲས་བུའི་གསང་བའི་གནད་ཐམས་ཅད་འདུས་པའི་རྒྱུད་དང༌། དེའི་ཡི་དམ་ལ་ཡང་གོ་ཡི་རེད།
དགའ་ལྡན་ཡིད་དགའ་ཆོས་འཛིན་ཟེར་ན་རྗེ་བཙུན་བྱམས་པ་མགོན་པོའི་ཆོས་གསུང་སའི་གནས། ྋའཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི རྗེས་དྲན་དུས་ཚིགས་དགའ་ལྡན་ལྔ་མཆོད་ཆེན་མོ་ཡིན།
ང་རང་དགའ་ལྡན་དུ་བསྡད་པའི་སྐབས་ཀྱི་སྐྱིད་པའི་འཚོ་བ།
དང་པོ་དཔེ་ཆ་ཡག་པོ་ལྟས་ནས་རྗེས་སུ་མཚམས་འདྲ་བསྡད་ནས་སྒོམ་ཉམས་ལེན་འདྲ་བྱ་དགོས་བསམ་སོང་། ངའི་ཕ་བླ་མ་ཞིག་རེད། ཁོང་དུས་རྒྱུན་རྗེ་བཙུན་མི་ལའི་སྐོར་གྱི་སྒྲུང་མང་པོ་བཤད་མྱོང་། ང་ཡང་དེ་ལ་ཉན་སྤྲོ་བོ་ཡོད། རྗེས་སུ་རྗེ་བཙུན་མིའི་དཔེ་ཆ་ལ་ལྟ་རྒྱུ་དགའ་བོ་ཡོད། སེམས་ནང་གི་དགའ་བ་ཆེ་ཤས་དེ་ཡེ་ཤེས་ནོར་བུ་དགའ་ལྡན་དུ་ཕེབས་ནས་དགེ་བཤེས་དམ་འབུལ་གྱི་སྐབས་དེ་ཡིན། ཤིན་ཏུ་དགའ་བོ་བྱུང་། སོ་སོའི་ཡེ་ཤེས་ནོར་བུའི་སྐུ་མདུན་ནས་རྟགས་གསལ་གཏོང་ཐུབ་པ་དེ་སྐལ་པ་བཟང་པོ་ཡིན། ཧ་ཅང་དགའ་བོ་བྱུང་། དེ་མིན་མཚམས་མཚམས་དགོན་པའི་གླིང་སྐོར་དུ་སོང་དུས་རེད། སེམས་པ་སྐྱིད་པོ་འདུག  གྲྭ་བ་བྱས་པ་ནོར་མི་འདུག་བསམ་སོང་། ད་དུང་མཚན་ལ་གླིང་སྐོར་དུ་ཕྱག་འཚལ་ནས་སོང་བ་དེ་འདྲ་ཡོད།
རྗེ་རིན་པོའི་སྐུ་གདུང་།
རྒྱ་ནག་རྒྱལ་པོ་ཡོང་ལོ་ཡིས་རྗེ་རིན་པོ་ཆེ་ཐེངས་གཉིས་ལ་རྒྱ་ནག་ཏུ་གདན་ཞུས་གནང་ཡང་། ཁོང་ཉིད་མ་ཕེབས་པར་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེས་སྐུ་ཚབ་ཏུ་ཕེབས་པར་། སྐབས་དེའི་རྒྱ་ནག་རྒྱལ་པོས་སྐྱེས་སུ་ཕུལ་བའི་ནང་ཕྱིང་གུར་ཞིག་གནང་འདུག་པ་དེའི་ཕུབ་བྱེད་ཀྱི་རྒྱུག་པ་རྣམས་ནི་ཤིང་ཨ་གར་རེད།
གཞན་དགའ་ལྡན་དགོན་གྱི་རྟེན་གཙོ་བོ་ཁག་ནི། གཙང་ཁང་སྦུག་མ་དགའ་ལྡན་གསེར་ཁྲི་ཞེས་རྗེ་ཙོང་ཁ་པའི་བཞུགས་ཁྲི་ཡོད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་དེ་ཡོད་པ་རེད། དགའ་ལྡན་གསེར་ཁྲི་དེ་དམ་ཆེན་ཆོས་རྒྱལ་གྱི་དབུ་རའི་སྟེང་ཡོད་པ་རེད། གཞན། གསེར་ཟངས་ལས་གྲུབ་པའི་རྗེ་ཙོང་ཁ་པ་དང་། རྒྱལ་བ་བྱམས་པའི་སྐུ་བརྙན། གསུང་རྟེན་དུ་འཛམ་གླིང་གཡས་བཞག་ཅེས་གསེར་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། ཡངས་པ་ཅན་དུ་རྗེ་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་དངུལ་གདུང་ཁང་། ཕྱིས་སུ་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་གསེར་སྦྱངས་ཀྱིས་བཏུམས་པས་གསེར་གདུང་ཞེས་པར་བསྒྱུར། གསེར་གདུང་གི་གཡས་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་རྗེ་ལ་སོགས་འཇམ་དབྱངས་གཙང་པ་བདུན་གྱི་གདུང་རྟེན། རྒྱ་ནག་གོང་མ་ཏཱ་མིང་གི་སྲས་ཟོན་ཏི་ཞེས་པས་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་། བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བ་དང་། ཁོང་རྣམ་གཉིས་ཀྱིས་གསེར་གདུང་ཁང་དུ་ཕུལ་བའི་དགའ་ལྡན་སེའུ་ཐང་ཞེས་པའི་གནས་བརྟན་བཅུ་དྲུག་གི་གོས་ཐང་། ཡངས་བ་ཅན་གཙུག་ལག་ཁང་གི་གཙང་ཁང་སྦུག་མར་གསེར་ཟངས་ཀྱི་ཐུབ་པ་བདུད་འདུལ་མ་ལ་སོགས་པའི་རྟེན་སྐུ་མང་པོ། ཡངས་བ་ཅན་འོག་ཤོད་ཀྱི་མགོན་ཁང་ནང་དཔལ་རྡོ་རྗེ་འཇིགས་བྱེད་དང་། བཀའ་སྡོད་དམ་ཅན་ཆོས་རྒྱལ་ཡབ་ཡུམ། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། ལྔ་མཆོད་ཁང་དུ་རྗེ་ཙོང་ཁ་པའི་ཚེམས་འོད་ཟེར་མ་ཞེས་པ་དང་གདུགས་དཀར་གྱི་ཞལ་ཐང་། ཁྲི་ཐོག་ཁང་དུ་བློས་བསླངས་གསུམ་གྱི་ལུགས་ཕུདད་དུང་དཔའ་བོ་འཇའ་ཚོན་མ་སྟེ་ཥ་ཎྜཀ་པཱ་ལ། རྒྱལ་བ་ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་ཀྱི་སྐུ་བརྙན། དེ་དང་རྒྱལ་ཚབ་རྗེ། མཁས་གྲུབ་རྗེ། བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར། ཁྲི་རབས་རིམ་བྱོན་གྱི་སྐུ་འདྲ། རྟེན་གཙོ་ཇོ་བོ་ལྷ་སའི་ཇོ་སྐུ་ལས་ཆེ་ཞིག་ཡོད། དེ་ནས་ལྷ་མོ་ཆོས་རྒྱལ་སོགས་ཆོས་སྐྱོང་རྣམས་ཡོད། སྤྱིར་བཏང་ཆོས་རྒྱལ་ཡུམ་སྦྱར་ཡོད་མོད། དགའ་ལྡན་དུ་ཡུམ་ཙ་མི་ཊ་ཁང་པ་ལོག་ག་ཞིག་གི་ནང་དུ་ཡོད། དགའ་ལྡན་དགོན་པའི་ནང་དུ་བུད་མེད་བསྡད་ཆོག་གི་མེད་པའི་གནས་སྟངས་ཤིག་དེར་ཡང་མངོན་ཡོད། དགའ་ལྡན་གྱི་དམ་ཅན་ཆོས་རྒྱལ་བར་སྣང་དུ་བཞུགས་ཡོད་པ་རེད། ཞབས་ནས་ཁ་བཏགས་འགྲོ་ཐུབ་པར་བཤད།
རྒྱལ་བ་རིན་པོ་ཆེ་གསེར་ཁྲི་དེར་བཞུགས་དགོས་དུས་མགྲོན་གཉེར་ཆེན་མོར་སྔོན་ནས་བཤད་དགོས་པ་རེད། འབུར་བྲིས། རྒྱལ་བ་བྱམས་པའི་ཞིང་བཀོད། ཁྲི་རིན་པོ་ཆེ་བཞུགས་ས་གཙོ་བོ་གཟིམ་ཆུང་འོད་ཟེར་ཕུག རྗེ་རིན་པོ་ཆེའི་སྐུ་མྱ་ངན་ལས་འདའ་ས། དགའ་ལྡན་བྱང་རྩེ་ལ་ཐུབ་དབང་། རྗེ་ཡབ་སྲས་གསུམ་དང་དཔའ་ལྡན་ལྷ་མོ་གསུང་བྱོན་མ་བཞུགས་པ་རེད། དབུ་སྐྲ་དགུ་ཡིས་རྗེ་ང་འདྲ་མ་དགུ་བཞེངས། བཀྲ་ཤིས་དོ་ཁ་མ། རྗེ་དོ་ཁ་མ་ཟེར། རྗེས་རིན་པོ་ཆེ་དབུ་སྐྲ་བཅུག་ནས་བཞེངས་པའི་སྐུ་དགུ། མཁས་གྲུབ་རྗེ་ཡིས་བཞེངས་པའི་གསང་འདུས་དཀྱིལ་འཁོར་འབུར་རིས་ཅན། གསེར་ཁྲབ་དྲག་ཞི་གཉིས། གསུང་འབྱོན་མ་མང་པོ་ཡོད་པ་བཅས་སོ།།
མཁས་གྲུབ་རྗེ་ནི་རྗེ་རིན་པོ་ཆེ་སློབ་མའི་གཙོ་བོ་ཞིག་རེད། སྔོན་མཁས་གྲུབ་རྗེ་ཐོག་དང་པོར་རྗེ་རིན་པོ་ཆེའི་སྐུ་མདུན་དུ་འགྲོ་དུས་བུད་མེད་ཞིག་ལ་ཨ་མདོ་སྣ་བོ་ཆེ་གང་དུ་ཡོད་པ་རེད་ཅེས་སྐད་ཆ་དྲིས་དུས་ཧ་མ་གོ་བ་རེད། བླ་མ་ཙོང་ཁ་པ་ཞེས་འབོད་དུས་ཧ་གོ་ནས་རྗེ་རིན་པོ་ཆེ་བཞུགས་གནས་བསྟན་པ་རེད་ཟེར།
རང་ཉིད་དགའ་ལྡན་དགོན་ལ་ཅི་ལྟར་གྱེས་སྟངས་སྐོར།
ང་དེ་དུས་ལྷ་སར་སྨོན་ལམ་ལ་ཡོང་ནས་ར་མོ་ཆེར་མི་ཉག་ཁྲི་ཟུར་རིན་པོ་ཆེའི་གསོལ་དཔོན་ཞིག་ཡོད་པ་དེའི་གཟིམས་ཤག་དུ་བསྡད་ཡོད། སྤྱིར་སྨོན་ལམ་ཚར་མ་ཐག་དགའ་ལྡན་ལ་ལོག་འགྲོ་གི་རེད་དེ། སྐབས་དེ་དུས་རྒྱལ་བ་ཡེ་ཤེས་ནོར་བུས་མི་འགྱུར་རྟག་བརྟན་ཕོ་བྲང་ནང་དུ་འཇིགས་བྱེད་དཔལ་གཅིག་གི་བཀའ་དབང་གནང་གིན་འདུག མི་དེ་ཙམ་མང་པོ་མི་འདུག་དབང་ཞུ་མཁན་འབྲས་སྤུངས་ཀྱི་རྒྱ་ར་བླ་མ་ཟེར་བ་ཞིག་གིས་ཞུས་པ་རེད་འདུག བླ་མ་དེ་ང་འདུག་ས་དེར་འདུག དེ་དུས་གསུང་ཆོས་དེ་འདྲ་ཡོད་པ་ཤེས་པས་གསུངས་ཆོས་ཞུས་པ་ཡིན། གསུང་ཆོས་ཚར་རྗེས་ཡར་དགའ་ལྡན་དུ་འགྲོ་ཆས་ལྟོ་ཟས་དང་གཙོ་བོ་དཔེ་ཆ་རྣམས་གྲ་སྒྲིག་གིས་ཁ་ཆེ་ལྷ་ཁང་ཡོད་ས་དེར་སོང་པ་ཡིན། དེར་དགའ་ལྡན་དུ་འགྲོ་མཁན་ཤིང་རྟ་གླ་གཏོང་དེ་འདྲ་མང་པོ་ཡོད་པ་རེད། ཡིན་ནའང་ཉིན་དེར་མི་ཚང་མ་བྲེལ་བྲེལ་འཚབ་འཚུབ་འདྲ་ཞིག་རེད་འདུག སྐབས་དེར་དུས་རྒྱུན་ཚོང་ལས་འདྲ་བྱས་ནས་བསྡད་ཡོད་པའི་ཊེ་བོ་ཁམས་པ་རྡོབ་རྡོབ་ངོ་ཤེས་པ་ཞིག་ལ་ཐུག་སོང་། ཁོང་གིས་གསུང་ཡ་ལ་རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེ་ཁོ་ཚོའི་ཟི་ལེན་པོའུ་ལ་ཤོག་ཟེར་གྱི་ཡོད་པ་རེད། དེར་ཕེབས་ན་སྐུ་ཕྱཱ་ལ་ཉེན་ཁ་ཆེ་ཚུལ་གསུངས་སོང་། དེ་ནས་རྒྱ་ནག་གཞུང་ལ་ཞེན་པ་འདྲ་ལོག་སོང་། ལམ་སང་དཔེ་ཆ་རྣམས་ཕར་བཞག་ནས་ནོར་བུ་གླིང་ཀར་རྒྱུགས་པ་ཡིན། སྐབས་དེར་རྒྱ་གཞུང་ལ་ངོ་ལོག་བྱ་མཁན་རྩེ་དྲུང་ཞིག་མི་མང་གིས་རྡོ་རུབ་བརྒྱབ་ནས་བསད་སོང་། དེ་བཞིན་མི་མང་གིས་སྐད་ཅོར་བརྒྱབ་ནས་རྒྱ་དམག་གི་མོ་ཊོ་ལ་རྡོ་བྱུག་པ་སོགས་བྱེད་ཀྱི་འདུག
ང་ཚོ་ལ་ཟིང་འཁྲིག་ལང་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་སྐུ་སྲུང་བྱས་ནས་འདུག་དགོས་པ་རེད། ཟིང་འཁྲིག་ལང་མ་དགོས་ན་རྒྱ་གར་ལ་རྒྱལ་བའི་སྐུ་སྲུང་བྱས་ནས་འགྲོ་དགོས་པ་རེད། དགའ་ལྡན་ཤར་བྱང་གཉིས་ནས་གྲྭ་བ་ལྔ་བཅུ་དགོས་པ་རེད་ཟེར་ནས་གསུངས་ཀྱི་འདུག དེ་ནས་ཡར་དགའ་ལྡན་དུ་སོང་བ་ཡིན། ཡར་སོང་ནས་སེམས་སུ་འགྲོ་དགོས་བྱུང་ན་སྐུ་སྲུང་བྱས་ནས་རྒྱ་གར་ལ་འགྲོ་དགོས་བསམ་བྱུང་། ང་ཚོའི་ཁམས་ཚན་གྱི་འགོ་བ་དེར་ང་རྒྱ་གར་ལ་ལོག་འགྲོ་གི་ཡིན་ལབ་པ་ཡིན། ཁོང་གིས་རྒྱ་མི་དབང་ཤེད་ཆེ་བས་ཟིང་འཁྲིག་ལང་པ་སོགས་བྱས་ན་དགོན་པ་གནས་ཐུབ་རྒྱུ་ཁག་པོ་རེད། ལོག་ན་འགྲིག་གི་རེད་གསུངས་སོང་། དེ་ནས་ཚ་བ་ཁམས་ཚན་ནས་ང་བཅས་པའི་མི་གསུམ་མར་ལྷ་སར་ཡོང་ནས་ནོར་གླིང་དུ་བསྡད་པ་ཡིན། དེ་དུས་བོད་ཀྱི་དམག་མི་འདྲ་ཡོང་ནས་ང་ཚོ་ལ་མེ་མདའ་རེ་སྤྲད་དེ་བརྒྱག་སྟངས་སོགས་ལབ་སོང་།  ལྕགས་པོ་རིའི་གཤམ་དེར་དྭང་བླངས་དམག་རྣམས་བསྡད་འདུག ཁོ་ཚོ་ནི་བོད་ཀྱི་ཚོང་དཔོན་དེ་ཚོའི་བུ་རབས་ཚ་རྒྱུད་རྣམས་རེད་འདུག ང་ཚོ་དེའི་འཁྲིས་ལ་རེད། སྐབས་དེར་རྒྱ་དམག་གིས་མེ་སྒྱོགས་ཤིན་ཏུ་མང་པོ་བརྒྱབ་སོང་། ནོར་གླིང་ཕྱོགས་སུ་འང་མང་པོ་བརྒྱབ་སོང་། ཐ་ན་ཁྱི་དེ་ཚོའང་འགྲོ་ས་རག་གི་མི་འདུག  ཁྱི་རྣམས་ས་ཆ་གཅིག་ནས་སྐོར་བ་བརྒྱབ་ནས་བསྡོད་པ་ལས་འགྲོ་ས་རག་གི་མི་འདུག  ཉིན་དེའི་མཚན་མོ་ང་ཚོ་རྒྱ་དམག་གིས་འཛིན་བཟུང་ཐེབས་པ་རེད། རྒྱ་དམག་ཚོས་ང་ཚོ་མི་མང་པོ་མཉམ་དུ་བཅུག་ནས་སྦྲང་འབུ་གསོད་དུ་གཏོང་གི་རེད། མི་གཅིག་གིས་ཉིན་གཅིག་ལ་འབུ་དྲུག་ཅུ་གསོད་དགོས་པའི་འགན་བགོས་སོང་། ངས་བསད་མེད། ཉིན་ཞིག་ང་ཚོའི་ནང་གི་བཅུ་དཔོན་དེས་ཁྱེད་ཀྱི་འབུ་གསོད་ཀྱི་མིན་ན་ངས་ཁྱེད་རང་གོང་རིམ་ལ་གཏུག་གི་ཡིན་ཟེར་གྱི་འདུག འགྲིག་གི་རེད་ལབ་པ་ཡིན། སྐབས་ཤིག་ང་ལ་སྐད་བཏང་སོང་རྒྱ་དཔོན་ཞིག་གི་སར་ཁྲིད་སོང་། རྒྱ་མི་དེས་ཁྱེད་ཀྱིས་སྦྲང་འབུ་མ་བསད་པའི་རྒྱུ་མཚན་ཅུ་ཡིན་ཟེར། ད་དུང་ཁོས་བཤད་རྒྱུར་གུང་ཁྲན་ཏང་ལ་སྐད་ཆ་དྲང་པོ་བཤད་ན་གུ་ཡངས་དང་། སྦས་སྐུང་བྱས་ན་དྲག་གནོན་བྱེད་ཀྱི་རེད་ཟེར་ནས་ལབ་ཀྱི་འདུག ངས་རྒྱ་དམག་དཔོན་དེར་དོན་མེད་དུ་འབུ་བསྡད་ན་སྡུག་པ་ཡོད་པས་མ་བསད་པ་ཡིན་ལབ་པ་ཡིན། རྒྱ་དཔོན་གྱིས་འོ་ན་ཁྱེད་ཀྱིས་ནོར་བུ་གླིང་ཁར་ལག་ཏུ་མེ་མདའ་བཟུང་ནས་བཅིངས་འགྲོལ་དམག་མི་བསད་པ་མིན་ནམ་ཟེར། དེ་བདེན་པ་ཡིན་ཞེས་ལབ་པ་ཡིན། དེ་ནས་ཁོས། འོ་ལོགས་སྤྱོད་པ་རང་རེད་ཟེར་བ་དང་། སྦྲང་འབུ་བསད་ན་སྡུག་པ་ཡོད་པ་དང་བཅིངས་འགྲོལ་དམག་མི་བསད་ན་སྡུག་མེད་ཟེར་མཁན་རེད། བཅིངས་འགྲོལ་དམག་མི་ནི་བོད་ཀྱི་མི་དམངས་མངའ་བདག་གསུམ་གྱིས་བཅིངས་འདུག་པར་གྲོལ་དུ་ཡོང་པ་རེད། ཁྱེད་ཀྱིས་ཁོ་ཚོ་བསད་ན་སྡུག་པ་མེད་པ་རེད་དམ་ཟེར། སྡུག་པ་ཡོད་པ་རེད་ལབ་པ་ཡིན། འོ་ན་འབུ་བསད་ན་སྡུག་པ་ཡོད་པས་བསད་ན་མི་འགྲིགས་པ་དང་བཅིངས་འགྲོལ་དམག་མི་བསད་ན་སྡུག་པ་ཡོད་ནའང་ད་དུང་གསོད་པ་ག་རེ་རེད་ཟེར། ངས་སྔོན་མ་སྦྲང་འབུས་མི་བསད་པ་གོ་མ་མྱོང་། བཅིངས་འགྲོལ་དམག་མིས་དང་པོ། ཉིས་མིན་ཡག་མོ་ཡག་མོ། བོ་མིན་ཞིས་ཞིས་ལ་ལ་ཟེར་གི་རེད། དེ་ནས་ཉིས་མིན་ཡག་མོ་ཡག་མོ། བོ་མིན་ཡག་མོ་ཡག་མོ་ཟེར་གི་རེད། རྗེས་སུ་བླ་མ་ལ་ཇག་པ་སེར་པོ་དང་། དགེ་འདུན་པར་རྐུན་མ་དམར་པོ་ཟེར་ནས་བླ་མ་དང་གྲྭ་བ་མི་གང་ཡག་གང་དྲག་བཙོན་དུ་བཅུག་པ་དང་རྒྱུ་དངོས་པོ་མང་པོ་འཕྲོང་སོང་ཞེས་ལབ་པ་ཡིན། དེ་བས་ང་ཐག་པས་བསྡམ་བཀྱིགས་དང་། གཅར་རྡུང་སོགས་བྱས་ནས་བཙོན་ཁང་དུ་བཅུག་སོང་བ་རེད།  བཙོན་ཁང་དུ་ལོ་ལྔ་ལ་བསྡད། ཕྱི་ལོ་ ༡༩༧༠ ལོར་བཙོན་བཀྲོལ་ཐོབ་ཙམ་བྱས། ཕྱི་ལོགས་སུ་ལས་ཀར་བཀོད་ནས་ལས་ཀ་བྱས་པ་ཡིན། རྗེས་སུ་ཀོང་པོ་ལ་བཏང་སོང་། དེ་རུ་བལ་ལས་བཟོ་གྲྭ་ཞིག་འདུག་པ་དེར་བཏང་སོང་། མཚམས་རེ་དོས་སྐྱེད་རླངས་འཁོར་ནང་མི་གཅིག་གིས་རྡོ་འཇོག་དགོས་པ་དེ་འདྲ་འདུག ཤིང་གཤག་པ་དང་རྡོ་གཤག་པ་དེ་འདྲ་བྱེད་དགོས་པ་རེད། དཀའ་ལས་དང་གཅར་རྡུང་གང་མང་མྱང་པ་ཡིན།
ཕྱི་ལོ་ ༡༩༨༢ ལོར་གཞི་ནས་འདི་ག་རྒྱ་གར་རྡ་རམ་ས་ལར་སླེབས་ནས་ཡེ་ཤེས་ནོར་བུ་ལ་མཇལ་བའི་གོ་སྐབས་བཟང་པོ་བྱུང་། སྐབས་དེ་དུས་ཕྱི་རྒྱལ་དུ་འགྲོ་བ་དང་། སྨན་རྩིས་ཁང་དུ་འགྲོ་བ་སོགས་གདམས་ཀ་མང་པོ་འདུག ཡེ་ཤེས་ནོར་བུའི་ང་ལ་ཁྱེད་གང་དུ་འགྲོ་གི་ཡིན་གསུངས་སོང་། ང་གདན་སར་དཔེ་ཆ་ལྟ་རུ་འགྲོ་གི་ཡིན་ཞུས་དུས། ཡེ་ཤེས་ནོར་བུ་མཆོག་གིས་གཏན་དུ་བདེ་བའི་སྨོན་ལམ་ཡོད་ཞེས་གསུངས་ཏེ་ཡེ་ཤེས་ནོར་བུའི་སྐུ་པར་བཅས་ཕྱག་རས་གནང་སྟེ་གྲྭ་སར་བཏང་སོང་། སྐབས་དེ་དུས་གྲྭ་ཚང་གི་ཞིང་ཁ་སྲུང་བ་སོགས་ཀྱི་ལས་ཀ་མང་པོ་འདུག་ཀྱང་ང་ལ་ལས་ཀ་དེ་རིགས་ཅི་ཡང་བྱེད་མི་དགོས་པའི་མིགས་བསལ་སྤྲད་སོང་། རྗེས་སུ་སྒང་ཏོག་ཏུ་བཏང་ནས་བྱིས་པ་ཚོར་དཔེ་ཁྲིད་བྱས་པ་ཡིན། དེ་དུས་ང་ཡང་༸སྐྱབས་མགོན་རིན་པོ་ཆེ་དང་མཉམ་དུ་རྟེན་འབྲེལ་གྱིས་མཚམས་བསྙེན་པ་ཁ་ཤས་ལ་འདུག་པའི་སྐལ་བ་ལྡན་སོང་། སྒང་ཏོག་དུ་ཕྱག་འབུམ་གཅིག་འཚལ་བ་དང་། རྒྱུ་འགྲུལ་གྱི་མཚམས་བཅད་དེ་བསྙེན་པ་འདྲ་བཏང་། ལ་དྭགས་སུ་ཡི་དམ་ལྷ་དང་ཉེ་བར་འགྲོགས་པའི་སྤྱོད་པ་སྟེ་དམིགས་བརྩེ་མའི་བསྙེན་པ་དང་། འཇིགས་བྱེད་ཀྱི་བསྙེན་པ།  ལྷ་མོའི་བསྙེན་པ་སོགས་བཏང་བ་ཡིན།
བོད་ཀྱི་དགའ་ལྡན་དང་འདི་གའི་དགའ་ལྡན་གཉིས་ཀྱི་དཔེ་ཆ་ལྟ་སྟངས་ཐད་ཁྱད་པར་ཡོད། ས་དང་གནམ་གྱི་ཁྱད་པར་རེད། སྔོན་མ་བོད་ཀྱི་དགའ་ལྡན་ནས་ཞོགས་པ་སྔ་མོ་ནས་དཔེ་ཆར་ལྟ་གི་རེད། མཚན་ལའང་དེ་བཞིན་དུ་ཡོད་པ་རེད། དེང་སང་ཞོགས་ཉལ་བརྒྱག་མཁན་འདུག མཚན་ལ་ལྟད་མོ་འདྲ་བལྟས་ནས་འདུག་ག  འཚོ་བའང་ས་གནམ་གྱི་ཁྱད་པར་རེད། འཚོ་བ་འདི་ག་ཡག་པོ་ཞེ་དྲག་རེད། དེང་སེང་གི་འཕྲུལ་ཆས་རིགས་ཀྱི་ཡོ་བྱད་དེ་ཚོ་ནི་དཔེ་ཆར་ལྟ་བའི་བར་ཆད་ཁོ་ན་རེད། དེང་སྐབས་སྤྲང་བོ་དེ་ཚོས་ཀྱང་ཁ་པར་སོགས་བྱེད་སྤྱོད་བྱེད་ཀྱི་འདུག  ངོ་མ་བཤད་ན་ཕྲུལ་ཆས་དེ་དག་དགོན་པའི་ནང་གི་ཁྱི་དེ་ཚོས་མ་ཁྱེར་བ་ཙམ་རེད། དེང་སྐབས་དགོན་པའི་འདོན་རྟ་དབྱངས་སྔོན་དང་བསྡུར་ན་འགྱུར་འདུག ལམ་ལུགས་སྲོལ་མང་པོ་འགྱུར་འདུག སྔོན་མ་རྒྱལ་བ་རིན་པོ་ཆེའི་བཀའ་གསུངས་ཟེར་ན་ཤིན་ཏུ་གལ་ཆེན་པོ་དང་རྩ་ཆེན་པོ་རེད། དེང་སྐབས་རྒྱལ་བ་རིན་པོ་ཆེ་ལ་དགག་པ་བརྒྱག་མཁན་ཡང་ཐོན་གྱི་འདུག་ག 
བོད་དུ་རྒྱ་ནག་གཞུང་གིས་ཚད་བཀག་རྐྱེན་པས་བོད་ཀྱི་ནང་ཆོས་སྐྱོ་རུ་སོང་ཡོད་ཀྱང་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་བོད་ཀྱི་ནང་ཆོས་དེ། དེང་སྐབས་ནུབ་ཕྱོགས་ཀྱི་ཡུལ་གྲུ་མང་པོ་དར་ཁྱབ་ཆེན་པོ་འགྲོ་བཞིན་པ་རེད། མ་འོངས་པར་ནང་ཆོས་གང་དུ་དར་མིན་ཐག་གཅོད་རྒྱུ་ཁག་པོ་རེད། དེ་ལ་ཚད་མ་རྣམ་འབྲེལ་ལས། མ་འོངས་པ་རྟོག་པ་མ་ཡིན་ཏེ་དེ་ལ་འཕྲུལ་བའི་ཕྱིར། ཞེས་གསུངས་པ་ལྟར་མ་འོངས་པ་ཅི་ལྟར་བྱ་མིན་ཤེས་མི་ཐུབ་ཀྱང་ཚོད་དཔའ་བྱས་ན། ཕྱི་རོལ་པ་དེ་ཚོས་ལྷ་ནུས་ཀྱིས་ལས་དོན་གང་ཐམས་བཅད་འགྲུབ་པར་འདོད་མོད། ང་ཚོ་བོད་ཀྱིས་ལས་འབྲས་ཀྱི་ཐོག་ནས་ལྟ་གི་ཡོད་དུས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་ལས་འབྲས་དང་། གོང་ས་མཆོག་གི་ཐུགས་སྐྱེད་སྨོན་ལམ་གྱི་ནུས་མཐུ་ཡིས་བོད་དུ་གནས་ཐུབ་རྒྱུར་སྨོན་ལམ་འདེབས་ཀྱི་ཡོད་ལ། དེ་བཞིན་འགྲུབ་ཏེ་གནས་ཐུབ་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད། ཁྱད་པར་དུ་རྒྱ་དཔོན་དེ་ཚོའི་སེམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ནས་བོད་ལ་དོན་དངོས་ཐོག་ཐོབ་ཐང་སྤྲོད་པ་དང་། བསམ་ཤས་བྱ་ཐུབ་ན་ཡག་པོ་རེད། ༸གོང་ས་མཆོག་གི་བདེན་ཚིག་སྨོན་ལམ་དུ། ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། ། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག །ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར་ཞེས་གསུངས་ཡོད་པ་བཞིན་རང་ཉིད་ཀྱིས་ཀྱང་རྒྱ་མི་དཔོན་པོ་དེ་ཚོའི་བློ་ཁ་ཆོས་ལ་ཕྱོགས་པའི་ཆེད་དུ་དུས་རྟག་ཏུ་ཁ་འདོན་དང་། ལྷ་མོའི་འཕྲིན་སྐུལ་སོགས་འདོན་དུས་སྨོན་ལམ་འདེབས་ཀྱི་ཡོད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་སྨོན་ལམ་དང་། ༸གོང་ས་མཆོག་གི་སྐུ་ཡུལ་ཨ་མདོ་སོགས་བོད་ནང་དུ་ཆོས་སྲིད་བྱ་གཞག་ཆེད། ཚེ་སྲོག་ལུང་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་དག་གི་སྨོན་ལམ་བཟང་པོ་གནང་བའི་དབང་གིས་ཡག་པོ་ཞིག་མ་ཡོང་ན། གཞན་ཁག་པོ་རེད། རང་ཉིད་ཀྱི་ཚེ་སྲོག་གཞན་དོན་དུ་གཏོང་ཐུབ་མཁན་ཞིག་གིས་གཞན་ལ་གནོད་པར་བརྩམས་ན་ལས་སླ་མོ་རེད་མོད། ཁོང་ཚོའི་དེ་འདྲ་གཏན་ནས་བྱེད་ཀྱི་ཡོད་པ་མ་རེད། བོད་དུ་མེར་བསྲེགས་གནང་མཁན་གྱི་སྙིང་སྟོབས་ཧ་ཅང་ངོ་མཚར་ཆེན་པོ་རེད་ཞི་བ་རང་གི་ཐོག་ནས་ངོ་རྒོལ་གནང་གི་ཡོད་པ་རེད། གོང་ས་མཆོག་གི་བཀའ་གསུང་རྩིས་ནས་ཞི་བ་གནང་གི་ཡོད་པ་རེད་མ་གཏོགས་ཨ་མདོ་ཁམས་པ་དེ་ཚོ་དགྲ་ཤ་ལེན་པ་ལ་དགའ་བོ་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་འཚེ་བ་མ་བྱས་པ་ཡག་པོ་རེད། སྙིང་སྟོབས་ཆེན་པོ་རེད། དཔེར་ན་སྔོན་མ་མའོ་ཙེ་ཏུང་གིས་སྐད་ཆ་ཞིག་ལབ་ཡོད་པ་རེད། རང་ཉིད་དུམ་བུར་གཏུབ་པར་མ་འཛེམས་ན། གོང་མ་རྟ་ཡི་ཐོག་ནས་འབེབས་པར་ནུས། ཞེས་བཤད་ཡོད་པ་ལྟར་འཚེ་བ་བྱ་བསམ་ན་བྱེད་ཐུབ་ཀྱི་ཡོད་མོད། བོད་མི་ཁོང་ཚོས་དེ་ལྟར་མ་བྱས་པར་འཚེ་མེད་ཞི་བའི་ཐོག་བློས་གཏོང་བྱེད་ཀྱིན་ཡོད་པ་རེད།  ཡིན་ནའང་ཆབ་སྲིད་རླུང་ལ་སྐུར་མཁན་དེ་འདྲ་སྔོན་ཆད་ཀྱང་ཡོད་པ་རེད་ལ་དེང་སྐབས་ཀྱང་མང་པོ་ཡོང་གི་ཡོད་ཚོད་འདུག དགའ་ལྡན་དུར་ཁྲོད། འགོག་པ་རིའི་གཤམ་དུ་ཡོད་པ་རེད། དེ་ལ་ཀུན་དགའ་བོ་རང་བྱོན་ཡོད་པ་རེད། དུར་ཁྲོད་དུ་བསྐྱལ་ན་འཕོ་བ་འདེབས་མི་དགོས་ཟེར་སྲོལ་ཡོད། སྔོན་མ་དུར་ཁྲོད་ཚ་བ་ཁམས་ཚན་ཡོད་སར་ཡོད་པ་རེད་ཟེར། རྗེས་སུ་ཕར་སྤོས་པ་ཞིག་རེད།  ངས་རེ་བ་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་ཐུགས་བསྐྱེད་སྨོན་ལམ་ཇི་བཞིན་ལེགས་པར་འགྲུབ་ནས་ཚང་བོད་ལ་ལོག་པའི་སྐལ་བ་ཞིག་ལྡན་པ་དང་། བོད་དུ་སངས་རྒྱས་བསྟན་པ་བསྐྱར་དར་ཡོང་བ་ཤོག རང་ཉིད་ཀྱང་དེ་རུ་སྐྱེས་ནས་ཆོས་ལ་འཇུག་པར་ཤོག  ཁྱད་པར་དུ་རྒྱལ་བ་རིན་པོ་ཆེའི་ཐུགས་བཞེད་སྨོན་ལམ་མཐའ་དག་འགྲུབ་པ་དང་སྐུ་ཚེ་རིང་དུ་བསྟན་པར་ཤོག་ཟེར་རྒྱུ་ཡིན།
སྔོན་མ་དགའ་ལྡན་དུ་གནམ་གཤིས་གྲང་མོ་རེད་དེ་དུས་རྟགས་གསལ་གཏོང་དུས་ལག་པ་ནས་ཁྲག་ཐོན་གི་རེད། ལག་པ་གད་འགྲོ་གི་ཡོད། སྔོན་མ་དགའ་ལྡན་དུ་ཁྱི་ཉར་མི་ཆོག  དྲ་མར་ཤེལ་སྒོ་བགར་མི་ཆོག དགོན་པར་བུད་མེད་བསྡད་མི་ཆོག གྲྭ་བ་ཆེ་ཆུང་རྒན་གཞོན་ཧ་ཅང་ཆེན་པོ་ཡོད་པ་རེད།
ངའི་ནང་གི་སྐུ་ཐང་འདི་ནི་དགའ་ལྡན་ལྷ་བརྒྱ་མའི་ཐང་ག་རེད། རི་བོ་དགེ་ལུགས་པའི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ཞིག་ཡིན་ལ། ཉམས་ལེན་དེ་ནི་རྗེ་བླ་མ་ཙོང་ཁ་པ་ཞལ་བཞུགས་དུས་ནས་གསང་སྟབས་ཀྱིས་འགའ་ཞིག་ལ་གནང་བ་བྱུང་ཡོད་པར་གསུངས་ལ། རྗེས་སུ་ཡིག་ཐོག་འགོད་པ་པོ་ནི་རྒྱལ་བ་དགེ་འདུན་གྲུབ་ཀྱི་སློབ་མ་འདུལ་ནག་པ་དཔལ་ལྡན་བཟང་པོ་ཁོང་ཡིན་པར་གསལ། དེ་ཡང་བཀའ་ཁྲིད་འདི་བཞིན་ཕྱི་ནང་གི་མི་རིགས་ཀུན་ལ་གོ་བདེ་བ་དང་། ཉམས་མྱོང་གི་ཟབ་གནད་ལྡན་པ། ཞལ་ཤེས་དང་གསུང་རྒྱུན་དམིགས་གསལ་མངའ་བ། དེ་ལ་བརྟེན་ནས་འཇུག་པ་པོ་གང་ཟག་གི་རྒྱུད་ལ་བྱིན་རླབས་ཀྱི་ཚན་ཁ་མྱུར་བ་བཅས་བསྙོིན་མེད་དུ་གྱུར་ཡོད། སྐུ་ཐང་འདིའི་དཀྱིལ་ལ་རྗེ་ཡབ་སྲས་གསུམ་རེད། སྤྱིར་དགའ་ལྡན་ལྷ་བརྒྱ་མ་ཟེར་བ་ནི་རྒྱལ་བ་བྱམས་པའི་ཞིང་ཡིད་དགའ་ཆོས་འཛིན་རེད། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོཀུན་མཁྱེན་བློ་བཟངགྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། ། ཞེས་པ་དེ་ནི་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས་པ་དེ་རྗེ་རིན་པོ་ཆེ་དང་ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དབལ་བཟང་གཉིས་ཀྱིས་གཙོས་པའི་རྗེ་རིན་པོ་ཆེ་མཁོར་དང་བཅས་པ་ཕེབས་རོགས་ཞེས་པའི་དོན་དང་། ཡང་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌།།རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་དང༌། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། ། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། ། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང༌། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་ སོ་སོར་བཤགས། །སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། ། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེ། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། ། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་སྤྲིན་འཁྲིགས་ནས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །རྣམ་དག་འོད་གསལ་དབྱིངས་ལས་བཞེངས་པ་ཡི། །ཟུང་འཇུག་སྐུ་ལ་འཆར་ནུབ་མི་མངའ་ཡང༌། །ཐ་མལ་སྣང་ངོར་སྤྲུལ་སྐུ་རགས་པ་ཉིད། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག། ཞེས་པ་ནི་རྗེ་རིན་པོ་ཆེ་ལ་བསྟོད་ཚིག་དང་དེ་ཐང་ཀར་བཀོད་པ་ཞིག་རེད། དཀྱིལ་དུ་རྗེ་རིན་པོ་ཆེ་གཡས་གཡོན་དུ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ། གང་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།། དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ།། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ།། རྒྱལ་པ་ཡབ་སྲས་གསུམ་ལ་གསོལ་པ་འདེབས།། ཞེས་བསྟོད་པའི་ཚིག་ཀྱང་ཡོད་པ་རེད།  གཤམ་དུ་དམ་ཅན་ཆོས་རྒྱལ་བཅས་རེད། རྒྱབ་ངོས་སུ་རྒྱལ་བ་རིན་པོ་ཆེའི་ཕྱག་རྗེས་ཕབ་ཏེ་བྱིན་རླབས་ཞུས་ཡོད་པ་ཡིན།